中文版 | 藏文版
མིག་སྔ་འི་སྡོད་གནས། - > མདུན་ངོས། > དུས་ཐོག་གསར་འགྱུར། > སྨན་ཁང་གསར་འགྱུར།

བོད་སྨན་སྨན་སྦྱོར་ཤེས་བྱ་ཐོར་བུ།


ཟླ་ཚེས:2024-04-17 17:54:29  བརྡབས་གྲངས།:  གཏོགས་ཡུལ:སྨན་ཁང་གསར་འགྱུར།


བོད་སྨན་སྨན་སྦྱོར་ཤེས་བྱ་ཐོར་བུ།




      རང་བྱུང་པས། ཨུཏྤལ་ཞེས་བྱ་མེ་ཏོག་དྲི་བསུང་ལྡན།།

                 རྩ་བ་རྐང་གཅིག་ལྕ་བ་འདྲ་བ་ལ།།

                 ལོ་མ་རྩེ་ཟླུམ་ལྗང་སྐྱ་སྤུ་ཆུང་ཅན།།

                 སྡོང་བུ་མེ་ཏོག་ལྡུམ་རའི་རྒྱ་མེན་འདྲ།།

                 གེ་སར་རིང་ལ་ཟེའུ་འབྲུ་ཕྲུམ་ཕྲུམ་རྒྱས།།

                 གང་བུ་རྡོ་རྗེ་ཕྱེད་པ་ཁོང་བུ་རུ།།

                 འབྲས་བུ་ནག་ལ་ཞིབ་མང་ལྡན་པ་ཡིན།། ཅེས་གསུངས།

   སྤྱིར་ཨུཏྤལ་ལ་པདྨ་ཞེས་པ་འདི་དག་རྒྱ་གར་གྱི་སྐད་དེ། ཡུལ་དེ་དག་ལ་སྐྱེས་པའི་མེ་ཏོག་འགའ་ཞིག་གི་མིང་ཡིན་ཀྱང་། རིམ་བཞིན་བོད་ཀྱི་རྐྱང་ཤོག་པའི་མེ་ཏོག་འདི་རིགས་ཚབ་ཏུ་བཏང་ནས་དེ་ལ་ངོས་འཛིན་གནང་སྲོལ་ཆགས་པ་རེད་འདུག  དེ་ཡང་དུས་གང་ཞིག་ནས་འདི་ལྟར་འགོ་ཚུགས་པ་ཆེར་མི་གསལ་ནའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་《སྨན་མིང་དང་ངོས་འཛིན་ཐོར་བུ》ལས། ད་ལྟ་ཙྰ་རི་རོང་དང་སྡེ་དགེ་སོགས་སུ་སྐྱེ་བའི་མེ་ཏོག་སྔོན་པོ་འདིས་ཨུཏྤལ་སྔོན་པོའི་ཚབ་བྱེད་པ་གཡུ་ཐོག་བཀྲ་ཤིས་ཀྱི་ལུགས་ཡིན་ཞིང་།དེ་ལྟར་ན་གའུ་རྐྱང་ཤོག་གིས་ཨུཏྤལ་དཀར་པོ་དང་། ཤེའུ་དར་སྒེའུ་དར་གྱིས་ཨུཏྤལ་དམར་པོའི་ཚབ་ཀྱང་རུང་དགོས་སོ།



འབྱུང་ཁུངས་དང་རིགས་དབྱེ།



དང་པོ་འདི་སྔོན་པོ་ཨུཏྤལ་བདུད་རྩི་འཁྱིལ་ཞེས་པ་རང་ལྗོངས་ལྷ་སའི་སྟོད་ལུང་སོགས་སུ་སྐྱེ་བས་ལྷ་ལྡན་ཕྱོགས་ནས་གཙོ་བོར་མཛད་པ་འདི། ས་ཁད་རྨིས་3900-4900བར་གྱི་ཁ་མཐོའི་སྲིབ་རི་བྱང་ལྟའི་རྫ་སྤང་འདྲེས་པའི་ས་ཆར་འཁྲུངས་ཤིང་། ལོ་མ་ལྗང་སེར་འཇོང་ནར་མཐའ་སྙོམས་པ་མང་ཆེ་བ་རྩ་བ་ནས་གྱེས་པ་དང་། ལོ་སྡོང་ཡོངས་རྗོགས་སྤུ་ཆུང་སེར་སྐྱ་རྩུབ་པོས་ཁྱབ་པ། ཟླ་བ7-8པར་མེ་ཏོག་སྔོན་པོ་འདབ་མ་བཞིའམ་ལྔ་པ་གེ་སར་རམ་ཟེའུ་འབྲུ་སེར་པོ་ཅན་དབྱིབས་ཚེར་སྔོན་གྱི་མེ་ཏོག་དང་འདྲ་བ་འཆར་བ་དང་། འདི་ལ་དམིགས་བསལ་དུ་མེ་ཏོག་གི་འདབ་མའི་རྒྱབ་ངོས་སུ་སྤུ་ཆུང་ཡོད།



དེ་ཡང་ཀོང་པོའི་གསེར་ཆེན་སོགས་ལ་སྐྱེ་བའི་སྔོན་པོ་ཨུཏྤལ་ཡུ་རིང་ཞེས་པ་རྩ་བ་རེ་ལ་སྡོང་བུ་གཉིས་རེ་སྐྱེ་བ། སྡོང་བུ་རིང་པོ་ཡལ་ག་མེད་ཅིང་རྩེ་ལ་མེ་ཏོག་འདབ་མ་ལྔ་ནས་བརྒྱད་བར་ཅི་རིགས་ཅན་རེརེ་འཆར།

ཀན་ལྷོའི་བསང་ཆུ་སོགས་མདོ་སྨད་ཡུལ་དུ་སྐྱེ་བ་སྔོན་པོ་ཨུཏྤལ་སྐེ་ལྡེམ་ཞེས་པ་རྩ་བ་རེ་ལས་ཕྲ་ལ་མཉེན་ཞིང་ཡལ་ག་མེད་པའི་ངར་པ་སྤོས་རེང་འདྲ་བ་འགའ་ཤས་སྐྱེ་བ། རེ་རེའི་རྩེར་མེ་ཏོག་འདབ་མ་བཞི་ནས་དྲུག་པར་ཅི་རིགས་ཅན་རེ་རེ་མགོ་དུད་ནས་འཆར། 

ཡང་ཀོང་པོའི་སྨན་གླིང་སོགས་ནགས་སུ་སྐྱེ་བའི་སྔོན་པོ་ཨཏྤལ་སྒ་རབ་ཞེས་པ་བོངས་རིང་བ་ངར་པའི་སྟོད་ཆར་ཡལ་ག་ཡོད་པ་དང་། ཡལ་ག་རེ་རེའི་རྩེར་མེ་ཏོག་འདབ་མ་བཞི་རེ་ཅན་འཆར་བ་

ལྟ་བུ་རྣམ་པ་མི་འདྲ་བ་མང་དུ་ཡོད།



གཉིས་པ་ཨུཏྤལ་དམར་པོ་ཞེས་རང་ལྗོངས་ཀྱི་མཚོ་སྔོན་པོའི་རྒྱུད་དང་། ཡུལ་ཤུལ། ཀན་ལྷོ། རྔ་བ། མགོ་ལོག་སོགས་ཡུལ་འགའ་ཞིག་གི་ས་ཁད་རྨིས་3400-3800བར་གྱི་སྲིབ་རིའི་སྤང་དང་། ཤིང་ཕྲན་གྱི་གསེབ་ཏུ་འཁྲུངས་པ། མེ་ཏོག་པདྨ་ལྟར་སྐྱེ་བའི་གསེར་ནས་ཡལ་ག་མེད་པའི་ངར་པ་ཕྲ་རིང་འཇམ་ལ་མཉེན་པ་སྤུ་སེར་སྐྱས་ཁྱབ་པ་རེ་རེའི་རྩེར་མེ་ཏོག་གི་ཐེའུ་རེ་ཡོད་པ།   

 《དྲི་མེད་ཤེལ་ཕྲེང་》ལས། དམར་པོ་འདབ་མ་སྲབ་ལ་ཆེད་དུ་རིང་བའོ། ཞེས་གསུངས།



           གསུམ་པ་ཨུཏྤལ་སེར་པོ་ཞེས་ལྗོངས་ཡོངས་ཀྱི་ས་ཁད་རྨིས་3800-4900བར་གྱི་ཁ་མཐོའི་སྲིབ་རིའི་ཤིང་གསེབ་དང་། སྤང་རི་གར་ཡང་སྐྱེ་བ། རྩ་བ་ལོ་སྡོང་གང་འབྲས་ཕལ་ཆེར་གོང་གི་ཨུཏྤལ་གཞན་དང་འདྲ་བ་ལ། ངར་བ་རེ་རེའི་རྩེར་མེ་ཏོག་སེར་པོ་མདངས་དང་ལྡན་པ་འདབ་མ་དྲུག་བདུན་དགུ་ཅི་རིགས་ཅན་རེ་འཆར།

 དྲི་མེད་ཤེལ་ཕྲེང་ལས། སེར་པོ་ནི་གཞན་སྔ་མ་དང་འདྲ་རུང་སྡོང་པོ་ཁོང་སྟོང་གཅིག་ལ་ངར་པ་དང་མེ་ཏོག་སོ་སོར་གྱེས་པས་སྔ་མ་ལས་རིང་སྦོམ་ཆེ་བ་དང་། དྲི་མ་དུགས་པ་སྟེ། གཟེར་དུག་སེར་པོ་ཡང་ཟེར་བའོ།


           བཞི་བ་ཨུཏྤལ་དཀར་པོ་ཞེས་པ་རང་ལྗོངས་ཀྱི་མཚོ་སྣ་སོགས་ལྷོ་མོན་ཡུལ་གྱི་ས་ཆ་འགའ་ཞིག་གི་ས་ཁད་རྨིས་3900-4400བར་གྱི་ཁ་མཐོའི་ཤིང་གསེབ་སོགས་སུ་འཁྲུངས་ཤིང་། ཡལ་ག་ནས་ཡལ་ག་གྱེས་པ་རེ་རེའི་རྩེར་མེ་ཏོག་དཀར་སེར་འདབ་བཞི་ཟེའུ་འབྲུ་སེར་པོ་ཅན་འཆར་བ། མེ་ཏོག་ཡལ་རྗེས་གང་བུ་རྡོ་རྗེའི་དབྱིབས་ཕྱི་སྤུ་ཆུང་ཅན་གྱི་ནང་དུ་ས་བོན་མཁལ་དབྱིབས་ཅན་གྱིས་ཁེངས་པ་དང་ལོ་སྡོང་བཅད་ཁར་འོ་མ་སེར་པོ་འབབ། 

དུལ་སྦྱོང་།                            

  ཟླ6-8བར་བཏུས་ཏེ་ཆུའི་དྭངས་མས་གཙང་འཁྲུད་བྱས་ནས་བསིལ་སྐམ་དགོས། དེང་སང་ཕྱག་ལེན་དུ་ལོ་སྡོང་མེ་འབྲས་ཡོངས་རྫོགས་མཛད་པའང་ཡོད།




  ངོ་བོ་དང་ཕན་ནུས།   



《མངོན་རྟོགསལས། རོ་ནི་མངར་བསྐ་དྲི་བསུང་ངད་དང་ལྡན། མེ་ཏོག་ཁ་དོག་དབང་གིས་རིགས་བཞི་འབྱུང་། དཀར་པོས་བད་རླུང་སྔོན་པོས་ཚད་མཁྲིས་འཇོམས། དམར་པོས་ཁྲག་འཇོམས་སེར་པོས་བད་ཀན་སྐྱུག  ཅེས་དང་། སྨན་མིང་རྒྱ་མཚོ་ལས། རྐྱང་ཤོག་དཀར་པོས་མཛེ་ནད་སེལ། སེར་པོ་སྔོན་པོས་རུས་ཚད་འབྱིན། ཞེས་གསུངས། རོ་ནུས། རོ་མངར་བསྐ། ཞུ་རྗེས་བསིལ། ནུས་པས་གློ་བ་དང་མཆིན་པའི་ཚད་པ་འཇོམས། གྲེ་བ་ཚ་འགག་སེལ་ཞིང་ཚད་པ་སྤྱི་ལ་མཆོག ཁྱད་པར་དཀར་པོས་བད་རླུང་དང་། དམར་པོས་ཁྲག་ནད་འཇོམས། སེར་པོས་བད་ཀན་གྱེན་དུ་འདྲེན་ཏེ་སྐྱུག


    བེད་སྤྱོད།  


   ངེད་སྨན་ཁང་དུ་ཨུཏྤལ་གཙོས་སྨན་སྦྱོར་ཨུཏྤལ་ཉེར་ལྔ་དང་། སྐྱུ་རུ་ཉེར་ལྔ། ག་བུར་ཉེར་ལྔ།  གི་ཝང་དགུ་བ། གུར་གུམ་མཆོག་བདུན། གླང་ཆེན་མེ་ཏོག་བཅོ་བརྒྱད། སྨུག་པོ་གཡུ་རྒྱལ། ཐང་ཆེན་ཉེར་ལྔ། སྨུག་པོ་གཉེན་པོ་བདུན་སྦྱོར། ཟངས་ཐལ་ཉེར་ལྔ། གསལ་བྱེད་ཨ་ཝ་བཅོ་ལྔ་སོགས་རྒྱུན་སྤྱོད་སྨན་སྣ་མང་པོའི་ནང་དུ་བཀོལ་ཡོད།





གོང་ངོས།:དཀའ་བཅུ་སྨན་པ་ཚད་ལྡན་གསོ་སྐྱོང་རྟེན་གཞིའི་དཔེ་ཀློག་མུ་འབྲེལ་འཆད་ཁྲིད་སྐབས་བརྒྱད་པ་སྤེལ།

འོག་ངོས།:འབྲས་ནད་སྔོན་འགོག་གི་བྱ་བ་གཙིགས་སུ་འཛིན།

健康
热线

0971-8200897
7*24小时健康热线

关注
微信

关注公众号
顶部