ཀླད་ནད་ཁྲག་རྩའི་ནད་ཀྱི་རྒྱུན་ཤེས།
ཀླད་ནད་ཁྲག་རྩའི་ནད་དམ་གཟའ་ནད་ཅེས་པ་ནི།
ངོ་བོ་ཀླད་སྐྱོན་གྱི་ནད་སྔོན་རབས་ཀྱི་གྲགས་ཚོད་དང་བསྟུན་ནས་ནད་བདག་གི་མིང་ནད་ལ་བཏགས་པ་སྟེ། དྲང་སྲོང་གཟའ་བདུད་ཆེན་པོ་རཱ་ཧུ་ལའི་དུག་གྲིབ་ཕོག་པ་ལས་བྱུང་བའི་གཏམ་རྒྱུད་དང་སྦྱར་ནས་དྲང་སྲོང་གི་ནད་དང་། གཟའ་ནད། སྟེང་གྲིབ། གྲིབ་སྐྱོན་ཞེས་སོགས་བཤད་པ་ཡིན་ལ་ཀླད་པར་ཁྲག་དཀོན་པའམ་ཀླད་རྩ་མཁར་འགགས་ལ་གཞིགས་ནས་རླུང་གྲིབ་དང་ཀླད་པའི་ཁྲག་རྩ་བརྡོལ་བ་ལས་ཁྲག་གྲིབ་ཞེས་བཏགས་པ་ཡིན།
ནད་རྐྱེན་དང་སྐྱེད་ལུགས།
ཀླད་ནད་ཁྲག་རྩའི་ནད་སློང་བར་བྱེད་པའི་རྐྱེན་ནི།
ཟས་ཤ་ཁྲག་དང་སྣུམ་ཚྭ་ལ་སོགས་པ་དྲོད་བཅུད་ཅན་གྱི་རིགས་བསྟེན་དྲགས་པ་དང་། སྤྱོད་ལམ་ཆུ་ཤེལ་དང་། ཉི་ཟེར་སོགས་ཀྱི་འོད་མདངས་ཕོག་པ། གློ་བུར་དུ་འགུལ་སྐྱོད་བྱེད་པ་དང་ཤེད་ཤུགས་འདོན་པ་སོགས་ཟས་སྤྱོད་མི་མཐུན་པའི་རིགས་གང་ཞིག་དང་། ལུས་ཀྱི་ཁྲག་རླུང་སྙོམས་པར་མ་གནས་པ་སོགས་ཀྱིས་ནད་འདི་སྐྱེད་པ་ཡིན་ནོ།།
ནད་འདིའི་རྟགས་ལ་སྤྱི་རྟགས་དང་ཁྱད་པར་གྱི་རྟགས་གཉིས་ཡོད་པས་ལས།
སྤྱི་རྟགས་ལ་རྒྱུད་ལས། སྤྱི་རྟགས་གཞོགས་བཤལ་མིག་རྩ་གྲུང་པ་དང་།། ཁ་ལྐུགས་ཁ་སླེ་ངུ་དང་དགོད་པར་བྱེད།། ཅེས་གསུངས་ཡོད་པ་དང་། ནད་རྟགས་མངོན་ཚུལ་ནི་མིག་ལམ་དུ་ཁྲ་བོ་མཐོང་བ་དང་། མགོ་ཡུ་འཁོར་བ། སྐྱུགས་མེར་ལངས་པ། གཞོགས་བཤལ་ལ་དེ་ཕྱོགས་ཀྱི་བྱ་བ་ཉམས་ཤིང་།མིག་རྩ་གྲུང་བ་དང་། ཁ་ལྐུགས་པ། ཁ་སླེ་བ་སོགས་ཀྱི་རྟགས་མངོན་པ་དང་། བཅོས་ལོང་མེད་པར་དྲན་མེད་བརྒྱལ་བ་དང་ཡན་ལག་འགུལ་སྐྱོད་ཡོངས་སུ་ཉམས་པ། ཕོ་བ་ནས་ཁྲག་བརྡོལ་བ་སོགས་ཀྱི་ནད་རྟགས་བྱུང་ན་གསོ་དཀའ་ལ། ནད་ཤིན་ཏུ་གཉན་པས་སྲོག་འདོར་བ་ཡོད།
དེ་སྔར་ཕྱི་ལུགས་གསོ་རིག་གིས་བསྒྲགས་པའི་ཀླད་ནད་ཁྲག་རྩའི་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ནི།
༡ལོ་ཚོད་དང་རྟེན། ལོ་ཚོད་ཆེ་བའི་མི་ལ་ནད་འདི་འབྱུང་སླ་བ་དང་། མིའི་ལོ་ཆེ་བར་སོང་བ་དང་བསྟུན་ནས་ནད་འདིའི་བྱུང་ཚད་ཡང་དེ་བསྟུན་གྱིས་ཇེ་མཐོར་འགྲོ་བཞིན་ཡོད། རྟེན་ལས་ཕོ་ལ་འབྱུང་མང་ལ། ལོ་གཞོན་ལ་ཡང་ནད་འདི་བྱུང་བ་མང་དུ་འགྲོ་བཞིན་ཡོད།
༢མི་རྒྱུད།ཁྲག་རླུང་དང་གཅིན་སྙི་ཟ་ཁུའི་ནད་ཅན། སྙིང་ནད་ཅན་གྱི་ཁྱིམ་བརྒྱུད་རང་བཞིན་ཅན་ལ་ཀླད་ནད་འདི་འབྱུང་བ་མང་།
༣ཁྲག་རླུང་ནད་ཅན།
༤གཅིན་སྙིའི་ནད་ཅན།
༥སྙིང་ནད་ཅན།༼ སྙིང་ནད་སྣ་ཚོགས།༽
༦བད་ཁྲག་ཅན་དང་ལུས་ཚོ་བ་ཅན།
༧དུ་བ་འཐེན་པ་དང་དང་ཆང་མང་འཐུང་མཁན།
༨ཁྲག་རྒྱུན་འགྱུར་རིག་པ།
གཟའ་གྲིབ་ནད་འབྱུང་བའི་སྔ་ལྟས་ལྔ།
༡གློ་བུར་དུ་གཞོགས་གཅིག་གམ་གཞོགས་གཉིས། ཡན་ལག་གམ་ངོའི་བྱེད་ནུས་ཉམས་པ་དང་། སྦྲིད་པ།
༢ གློ་བུར་དུ་མིག་ཡ་གཅིག་གམ་མིག་གཉིས་ནང་རབ་རིབ་བྱེད་པའམ་མཐོང་ཤུགས་ཉམས་པ།
༣གློ་བར་དུ་དུ་སྐད་ཆ་བཤད་དཀའ་བ་དང་ངག་འདོན་དཀའ་བ།
༤གློ་བུར་དུ་མགོ་ཡུ་འཁོར་ཞིང་ལུས་པོ་དོ་མི་ཉམས་པ་དང་། དོན་མེད་དུ་ཐང་ལ་འགྱེལ་བ། གོམ་སྟབས་མི་བརྟན་པ།
༥ མགོ་ན་བ་དང་མགོ་ན་བའི་རྣམ་པ་དོན་མེད་དུ་འགྱུར་བ།
སྨན་བཅོས་ཕྱོགས་སྟོན།
ཡན་ལག་སྦྲིད་ཅིང་སྨྲ་བརྗོད་མི་གསལ་བ་དང་། མགོ་ཡུ་འཁོར་ཞིང་སྐྱུགས་མེར་ལངས་བ། མགོ་ན་བ།
འདུ་ཤེས་ལ་འགལ་རྐྱེན་བཟོ་བ་སོགས་ཀླདཔའི་ཁྲག་རྩའི་ནད་དང་འབྲེལ་ཡོད་ཀྱི་རྟགས་སྟོན་དུས་མྱུར་དུ་སྨན་བཅོས་བྱེད་དགོས། དུས་ཐུང་རང་བཞིན་གྱི་མཚོན་ཚུལ་ཡིན་ན་ཡང་མཉམ་འཇོག་བྱས་ནས་སྨན་བཅོས་བྱེད་དགོས།
ཀླད་ནད་ཁྲག་རྩའི་ནད་ཀྱི་གསོ་ཐབས།
༡ཀླད་ནད་ཁྲག་རྩའི་ནད་ལ་བོད་སྨན་བསྟེན་པའི་གལ་ཆེན་རང་བཞིན། བོད་སྨན་ཁོང་དུ་བསྟེན་བཞིན་དུ་གཏར་ག་དང་། རྡོ་དུགས། རླུང་སྐྱོན་བསལ་ཐབས། རྫ་མའི་འཕྲུལ་འཁོར། མེ་བཙའ། དུགས་སོགས་བོད་ལུགས་གསོ་ཐབས་ལ་བརྟེན་ནས་རླུང་ཁམས་གསོ་བ་དང་ཁྲག་རླུང་སྙོམས་ནས་དབང་རྩ་གསོ་བ་དང་། ཤ་གྲིམ་དང་རྩ་དཀར་གྱི་བྱེད་ནུས་གསོས་ནས་ཡན་ལག་དང་། ལུས་པོའི་བྱེད་ནུས། ཤ་འཁུམ་པའི་ནུས་པ་སོགས་གསོ་རྒྱུ།
༢ཀླད་ནད་ཁྲག་རྩའི་ནད་ཀྱི་ཁམས་གསོ་ཐབས་ཀྱི་གལ་ཆེན་རང་བཞིན།
ནད་པའི་ཀླད་ནད་ཁྲག་རྩའི་ནད་ལ་གཞིགས་ནས་དཔྱད་བསྡུར་གཏན་འཁེལ་བྱས་ནས་ལུས་པོའི་བྱེད་ནུས་དང་། རྒྱུན་སྤྱོད་ཀྱི་འཚོ་བའི་ནུས་ཤུགས། ཤེས་རྟོགས་བྱེད་ནུས་སོགས་ནད་པའི་གནོད་སྐྱོན་བཙལ་ནས་འཚོ་བའི་རྒྱུན་སྤྱོད་སོགས་ལ་རྒྱུས་མངའ་བྱེད་པ།
༡རང་གཤིས་ཅན།
ཞག་སྡོད་སྐབས་ནད་པའི་ནད་གཞི་དང་ཁམས་གསོའི་དགོས་མཁོ་ལ་གཞིགས་ནས་སྒེར་གྱི་ཁམས་གསོ་འཆར་གཞི་གཏན་འཁེལ་བྱས་ནས་འགུལ་བསྐྱོད་ཀྱི་བྱེད་ནུས་ཇེ་ཆེར་གཏོང་བ།
༢ཕྱོགས་བསྡུས་གསོ་ཐབས།
ཁམས་གསོ་སྐབས་ཕྱོགས་བསྡུར་རང་བཞིན་གྱི་དངོས་ལུགས་རིགས་པ་དང་།ལུས་གསོའི་སྨན་བཅོས་སོགས་ལ་གཞིགས་ནས་གསོ་བཅོས་ཀྱི་བྱེད་ནུས་མཐོ་རུ་གཏོང་བ།དངོས་ལུགས་སྨན་བཅོས།(PT)ལས་བྱར་སྨན་བཅོས་།(OT)སྐད་བརྡའི་སྨན་བཅོས།(ST)སེམས་ཁམས་གསོ་བཅོས། མིད་བཅོས། མཐོ་གནོན་དབྱང་རླུང་གི་སྨན་བཅོས།
༣རྒྱུད་མཐུད་རང་བཞིན།
ཁམས་གསོ་སྨན་བཅོས་སྐབས་གསོ་བཅོས་འཆར་གཞི་ལེགས་སྒྲིག་རྒྱུན་ཆད་མེད་པར་བྱས་ནས་གསོ་བཅོས་ཕན་ཐོགས་ཡོང་བ་བྱེད་དགོས།
༤འདོད་པ་རང་བཞིན།
ཁམས་གསོ་བྱེད་པའི་གོ་རིམ་ཁྲོད་དགའ་ཞེན་དང་སྤྲོ་སེམས་ལ་བརྟེན་ནས་ལུས་པོའི་ཡན་ལག་དང་ཤ་གྲིམ་གྱི་ནུས་པ། འཚོ་བའི་རང་མགོ་རང་ཐོན་གྱི་ནུས་པ་གོང་འཕེལ་གཏོང་བ།
ཀླད་ནད་ཁྲག་རྩའི་ནད་ཀྱི་སྔོན་འགོག་བྱེད་ཐབས།
གཅིག མེ་དྲོད་སྲུང་བ།
སྟོན་དུས་དང་དགུན་དུས་དྲོད་ཚད་དམའ་རུ་སོང་བས་རྒན་་རྣམས་ཀྱི་མགོ་དང་མཇིང་བ། རྐང་མཐིལ་གྱི་དྲོད་བསྲུང་ནས་ཆམས་རིམས་ལ་སྔོན་འགོག་དང་། ཕྱི་ནང་གི་དྲོད་ཚད་ཆེ་བར་མཉམ་འཇོག་བྱས་ནས་ཟས་སྤྱོད་རན་པར་བསྟེན་དགོས།
གཉིས། ཟས་སྤྱོད་ལ་རན་པར་བསྟེན་པ།
སྟོན་དུས་དང་དགུན་དུས་འཇུ་སླ་བ་དང་ཡང་བའི་ཟས་སྐོམ་སྟེ་སྔོ་ཚོད་དང་སིལ་ཏོག་སོགས་བསྟེན་ནས་སྣུམ་བཅུད་དང་ཚྭ་ཉུང་དུ་བསྟེན་རྒྱུ།
གསུམ། སྦྱོང་བརྡར་རན་པར་བསྟེན་པ།
སྟོན་དུས་སྒོའི་ཕྱི་རོལ་གྱི་དྲོད་ཚད་དམའ་བས་ཉི་མ་འཆར་དུས་ཕྱི་རོལ་ནས་སྦྱོར་བརྡར་དང་།
རྒན་པ་རིགས་ནང་དྲོ་ས་རུ་སྦྱོང་བརྡར་རན་པར་བྱས་ནས་ལུས་པོ་བདེ་བར་རྒྱུན་འཁྱོངས་བྱེད་པ།
བཞི། ཁྲག་ཤེད་དང་། བད་ཁྲག ཁྲག་ཧག་ལ་ཚོད་འཛིན་བྱེད་པ། ཁྲག་ཤེད་མཐོ་བ་དང་།
བད་ཁྲག་དང་ཁྲག་ཧག་མཐོ་བ་ཅན་ནི་ཀླད་ནད་ཁྲག་རྩའི་ནད་ཀྱི་གལ་ཆེན་རང་བཞིན་གྱི་རྒྱུ་རྐྱེན་རང་བཞིན་ཡིན་པས་རྒན་པའི་ཁྲག་ཤེད་དང་། བད་ཁྲགཁྲག་ཧག་གི་འགྱུར་བར་བརྟག་ནས་ཟས་སྐོམ་ལ་ཚད་བཟུང་ནས་སྨན་པའི་མཛུབ་སྟོན་ལྟར་སྨན་བཅོས་བྱེད་པ།
ལྔ། ཚད་ལས་བརྒལ་བའི་ངལ་དུབ་དང་།སེམས་འཚབས་བྱེད་པར་སྔོན་འགོག་བྱེད་པ།
ཚད་ལས་བརྒལ་བའི་ངལ་དུབ་དང་། སེམས་འཚུབ་པ་ནི་ཀླད་ནད་ཁྲག་རྩའི་ནད་ཀྱི་སྣ་འདྲེན་ཡིན་པས་རྒན་པས་ཚད་ལས་བརྒལ་བའི་ངལ་དུབ་དང་། སེམས་འཚབས་མི་བྱེད་པར་ངལ་གསོ་རན་པར་བསྟེན་ནས་སེམས་ཁམས་ཡང་བོ་བྱེད་རྒྱུ།
རྩོམ་ཞུས། ཤིན་ཞའོ་ཀོང་།
审 核:辛晓光
རྩོམ་ཁུངས། ཀླད་ནད་ཚན་ཁག ཁམས་གསོ་ཚན་ཁག
供稿: 脑病科、康复科